【8.24】ཡུས་ཧྲུའུ་གསར་འགྱུར་རྒྱང་བསྒྲགས། 玉树藏语新闻广播
“玉树发布”欢迎您来稿,内容可以是文字、图片或视频,原创加分哦,投稿邮箱:yushufabu@126.com
州广播电视台
༡.ལིའུ་ཐའོ་ཡིས་ཡུས་ཧྲུའུ་ནས་བརྟག་ཞིབ་གནང་སྐབས། ས་གནས་དེ་གའི་ཁེ་ལས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་ཞིང་འབྲོག་པའི་ཐོན་འབབ་ལ་སྐུལ་འདེད་བཏང་བ་རེད།
༼འདྲེན་ཚིག༽ སྤྱི་ཟླ་8ཚེས་20ནས་21ཉིན་གྱི་བར་དུ། ཞིང་ཆེན་སྲིད་གཞུང་གི་ཞིང་གཙོ་གཞོན་པ་ལིའུ་ཐའོ་འཁོར་དང་བཅས་པ་ཡུས་ཧྲུའུ་གྲོང་ཁྱེར་དུ་ཕེབས་ནས་བརྟག་ཞིབ་མཛུབ་ཁྲིད་གནང་པ་རེད།
༼ནང་དོན་དངོས༽ལིའུ་ཐའོ་འཁོར་དང་བཅས་པ་སྔ་རྗེས་སུ་ཡུས་ཧྲུའུ་ཁུལ་ཡོམ་འགོག་རྒུད་སྐྱོབ་དྲན་གསོ་ཁང་དང་། ཡུས་ཧྲུའུ་གྲོང་ཁྱེར་མི་རིགས་སློབ་འབྲིང་གསུམ་པ། ཡུས་ཧྲུའུ་གྲོང་ཁྱེར་གྱི་ཁྱིམ་ཚང་གསར་པའི་སྤྲོ་སྐྱིད་ཁང་སྒོ་རྩིས་ཚོང་ཁང་དང་། ཡུས་ཧྲུའུ་གྲོང་ཁྱེར་ལེས་ཅེན་ཟོག་འགྲེམས་དང་། ཁྲི་འདུ་རྫོང་ཆ་ཚང་སློབ་ཆུང་། ཁྲི་འདུ་རྫོང་མཐོ་སྒང་ནོར་ནག་གི་ཐོན་རྫས་ཚད་ཡོད་སྤྱི་གཉེར་ཁང་སོགས་ཡུལ་དངོས་ནས་བརྟག་ཞིབ་གནང་བ་རེད།
ཡུས་ཧྲུའུ་གྲོང་ཁྱེར་གྱི་མི་རིགས་སློབ་འབྲིང་གསུམ་པ་དང་ཁྲི་འདུ་རྫོང་ཆ་ཚང་སློབ་ཆུང་ནས། ལིའུ་ཐའོ་ཡིས་སློབ་གྲྭའི་མཁྲེགས་ཆས་འཛུགས་སྐྲུན་དང་། སློབ་གསོའི་སྤུས་ཚད་མཐོ་འདེགས། སློབ་སྒྲུབ་བྱ་བ་སོགས་ཐད་ཀྱི་གནས་ཚུལ་ལ་ཞིབ་ཅིང་ཕྲ་བའི་ངང་ནས་རྒྱུས་ལོན་བྱས་པ་དང་། ཡུས་ཧྲུའུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོའི་ལས་དོན་ཁག་ལ་མཐོང་ཆེན་གནང་བར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་རིགས་ཁག་གི་སློབ་གྲྭས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པ་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་གསོའི་ནང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་སློབ་གྲྭའི་ལྟེ་བའི་ལས་དོན་ཞིག་ཏུ་བརྩིས་ནས་སློབ་གྲྭ་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཁག་ཏུ་ཁྱབ་པ་བྱེད་དགོས། སྒྱུར་བཅོས་གསར་གཏོད་རྒྱུན་མཐུད་བྱེད་པ་དང་ཕྱོགས་བསྡུས་དངོས་ཤུགས་ཆེ་རུ་བཏང་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་བསྟན་པ་རེད།
ཁྲི་འདུ་རྫོང་ས་མཐོའི་འབྲི་གཡག་གི་འབྲོག་ལས་ཐོན་རྫས་ཚད་ཡོད་སྤྱི་གཉེར་ཁང་ནས། ལིའུ་ཐའོ་ཡིས་འབྲོག་ལས་ཐོན་རྫས་ལས་སྣོན་བརྒྱུད་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཡུང་གི་བཏུང་བྱ་སོགས་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་བྱས་ཚུལ་མཁྱེན་རྟོགས་གནང་བ་དང་། ཁོང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་སྐོར་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་ལ་ཉན་པ་རེད། ལིའུ་ཐའོ་ཡིས་ཉེ་བའི་ལོ་ཤས་རིང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་བུར་གཡོ་འགུལ་མི་གཏོང་བ་དང་། སྔར་བས་འཐུས་ཚང་དུ་གཏོང་བ། འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་བཅས་བྱས་ནས་ཁྱད་ལྡན་ལྗང་མདོག་ཐོན་ལས་ལ་མ་འཇོག་བྱེད་ཤུགས་དང་འཕེལ་རྒྱས་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་ཐོན་ལས་འཕེལ་རྒྱས་ལ་རྣམ་པ་བཟང་པོ་ཐོན་ཡོད། རྗེས་ཕྱོགས་ཀྱི་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ། ས་གནས་དེ་གའི་ཁེ་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལྷག་པར་དུ་ཁྱད་ལྡན་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཞིང་འབྲོག་པའི་ཐོན་འབབ་སྔར་བས་གོང་དུ་འཕར་བ་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཁུལ་ཨུ་ཧྲུའུ་ཅི་ཝུའུ་ཏི་ཅུན་དང་ཧྲུའུ་ཅི་གཞོན་པ་ཝང་ཧྭ་ཅེ། ཁུལ་ཨུ་རྒྱུན་ཨུ་ཁུལ་གཙོ་གཞོན་པ་ཁྲེན་ཡུང་ཞང་གིས་ཕེབས་རོགས་གནང་པ་རེད།
འཇམ་དབྱངས་ལྷ་མོ།
༢.པེ་ཅིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡན་དབྱིང་ཡུས་ཧྲུའུ་རུ་ཕེབས་ནས་མཚོ་སྔོན་རོགས་སྐྱོར་དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
༼འདྲེན་ཚིག༽སྤྱི་ཟླ་༨ཚེས་༡༩ཉིན་ནས་༢༡ཉིན་བར་པེ་ཅིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། གྲོང་ཁྱེར་དབུལ་སྐྱོར་རོགས་སྐྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཡན་དབྱིང་ལགས་ཀྱིས་པེ་ཅིང་གྲོང་ཁྱེར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁེ་ལས་མཁས་ཅན་གྱི་འཐུས་མི་དང་དབུལ་སྐྱོར་རོགས་སྐྱོར་གཞུང་དོན་ཁང་གི་འགན་འཁུར་བ་ཁྲིད་དེ་ཡུས་ཧྲུའུ་རུ་ཕེབས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
༼ནང་དོན་དངོས།༽ཡུས་ཧྲུའུ་གྲོང་ཁྱེར་དུ། བརྟག་དཔྱད་ཚོགས་ཆུང་ཡུས་ཧྲུའུ་ཁུལ་ས་ཡོམ་རྗེས་ཤུལ་དྲན་གསོ་ཁང་དང་། ཡུས་ཧྲུའུ་ཁུལ་རྟེན་རྫས་བཤམས་སྟོན་ཁང་། ཡུས་ཧྲུའུ་གྲོང་ཁྱེར་སྟག་སྡེར་འཛོམས་འགུ་སྣ་བཅས་སུ་བསྐྱོད་དེ་ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་གསར་དང་དེ་བཞིན་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ལ་རྟོག་ཞིབ་གནང་བ་རེད།
ཁྲི་འདུ་རྫོང་ལབ་ཡུལ་ཚོ་རུ། དམངས་སྲོལ་གྲོང་ཚོ་ལབ་མདའི་མཁར་རྫོང་རིང་མོ་དང་ལྷ་སའི་ཐང་དམངས་སྲོལ་གྲོང་ཚོར་ལྟ་སྐོར་བྱས་ནས་ས་གནས་དེ་གའི་གྲོང་ཚོར་རིག་གནས་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་སྤེལ་ཚུལ་ཤེས་རྟོགས་བྱས་པ་རེད།
འབྲི་སྟོད་རྫོང་དུ། རྟོག་ཞིབ་ཚོགས་ཆུང་གིས་ཟོ་སྐྱ་ཡུལ་ཚོའདམ་ཆུ་གྲོང་ཚོའི་འབྲོག་ལས་མཉམ་ལས་ཁང་གི་གཉེར་སྐྱོང་འོག་གི་གྱོན་ཆས་བཟོ་གྲྭ་དང་། བོད་ཟས་ཚོང་ཁང་། ཚོང་ཁང་སོགས་སུ་གཟིགས་ཞིབ་གནང་ནས་མཉམ་ལས་ཁང་གི་གཉེར་སྐྱོང་གནས་ཚུལ་དང་། གཉེར་སྐྱོང་བྱེད་སྟངས། འབྲོག་དུད་བཅས་ཀྱི་དབུལ་སྒྲོལ་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། བཅོས་སྐྱོང་བྱེད་བཞིན་པའི་ཕྱུགས་རིགས་ཐོན་རྫས་ལ་ལྟ་ཞིབ་བྱས་པ་དང་འབྲེལ་བསྐྱར་བསྐྲུན་ཟིན་རྗེས་ཀྱི་ཐོན་རྫས་ངེས་གནས་དང་། ཚོང་རྟགས་སྤུས་རྟགས་གཏོད་པ། ཐོན་ཁུངས་བསྡུ་སྒྲིལ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
ཆུ་དམར་ལེབ་རྫོང་དུ་བརྟག་དཔྱད་ཚོགས་ཆུང་དམིགས་བསལ་དཀའ་ངལ་ཡོད་པའི་འབྲོག་པའི་དུད་ཚང་གཅིག་སྡུད་བཀོད་སྒྲིག་གཞིས་ཁུལ་དུ་བསྐྱོད་དེ་ཡུལ་གཞན་དུ་གནས་སྤོས་དུད་ཚང་དབུལ་པོར་བཅར་འདྲི་བྱས་ནས་ཁྱིམ་གྱི་ཐོན་སྐྱེད་དང་དཔལ་འབྱོར་ཡོང་ཁུངས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་། དུད་ཚང་དབུལ་པོར་དབུལ་སྒྲོལ་གྱི་ཡིད་ཆེས་འཕེལ་བར་སྐུལ་མ་བཏང་བ་རེད། གཞན་ཡང་ཆུ་དམར་ལེབ་རྫོང་གི་གནད་སྨིན་དབུལ་སྐྱོར་ཐོན་ལས་འཆར་འགོད་ཚོམས་ཆེན་དང་དབུལ་སྐྱོར་རྩལ་ནུས་གསོ་སྦྱོང་རྟེན་གཞིར་ལྟ་སྐོར་བྱས་པ་རེད།
བརྟག་ཞིབ་གནང་རིང་། ཡན་དབྱིང་ལགས་ད་དུང་པེ་ཅིང་གི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་ལས་ཤག་ཏུ་ཕེབས་ནས་ཁག་བཞི་པའི་པེ་ཅིང་གི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པར་སྐོར་གཟིགས་དང་འཚམས་འདྲི་གནང་བ་དང་འབྲེལ་ཁོང་ཚོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་འོག་ས་གནས་གཉིས་ཀྱི་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི་སྐུལ་ལྕག་གནང་བ་རེད།
བརྟག་ཞིབ་ཀྱི་བརྒྱུད་རིམ་ནང་པེ་ཅིང་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁེ་ལས་ཀྱི་འཐུས་མི་ཚོས་སློབ་གསོ་དང་དབུལ་སྐྱོར་ཁྱབ་ཁོངས་ལ་གཅེས་སེམས་ཞལ་འདེབས་ཕུལ་བ་རེད།
ཡུས་ཧྲུའུ་ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཏེ་ཅུན་དང་ཧྲུའུ་ཅི་གཞོན་པ་ཝང་ཧྭ་ཅེ། ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་གཙོ་གཞོན་པ་ཁྲེན་ཡུང་ཞང་། ཁུལ་ཨུ་རྒྱུན་ཨུ་ཁུལ་གཙོ་གཞོན་པ་ཡོན་ཧའོ་ཙུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟླ་བ་ཚེ་རིང་སོགས་ཀྱིས་སོ་སོར་བརྟག་ཞིབ་གནང་ཡུལ་ལ་ཕེབས་རོགས་ཞུས་པ་རེད།
ཡིག་སྒྱུར་བ། ལྷ་འབྲུག
༣. ཡུས་ཧྲུའུ་གྲོང་ཁྱེར་གྱིས་2019ལོའི་སྡེ་དམག་འཕྲལ་སྡོམ་བརྒྱ་ཤོག་དང་འགྲིམ་འགྲུལ་སྐྱེལ་འདྲེན་ས་ཚིགས་ཀྱི་རྩིས་བཤེར་ཚོགས་ཆེན་བསྡུས་པ་རེད།
༼ནང་དོན་དངོས༽སྤྱི་ཟླ་8ཚེས་19ཉིན་ཡུས་ཧྲུའུ་གྲོང་ཁྱེར་གྱི་2019ལོའི་སྡེ་དམག་འཕྲལ་སྡོམ་བརྒྱ་ཤོག་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ས་ཚིགས་ཞིབ་བཤེར་ཚོགས་ཆེན་དེ། དྲིན་ཚོར་ཐང་ཆེན་ནས་བསྡུས་པ་རེད།
རྩིས་བཤེར་ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི》དམག་གླུ་ཁྲོད་ནས་མགོ་བརྩམས་པ་དང་། གོ་རིམ་ལྟར། ཡུལ་དམག་ལས་བྱེད་པའི་གོ་གནས་ཀྱི་བཀའ་རྒྱ་སྒྲོག་སྦྱངས་དང་། དར་ཆ་སྤྲོད་པ། ཡུལ་དམག་འཕྲལ་སྡོམ་བརྒྱ་ཤོག་གི་རུ་མི་ཡོངས་ཀྱིས་དམ་བཅའ་འཇོག་པ་དང་། སྡེ་དམག་གི་འཐུས་མིས་གཏམ་བཤད་བྱེད་པ། 《ཀྲུང་གོའི་སྡེ་དམག་གི་གླུ་གཞས》སོགས་བྱས་པ་དང་། སྡེ་དམག་ཡོངས་གྲལ་སྟར་འགྲིག་པོར་བསྒྲིགས་ནས་དམག་མིའི་ངར་ཤུགས་ཀྱིས་ཞིབ་བཤེར་དང་ལེན་བྱས་ཏེ་ཡུས་ཧྲུའུ་ཡི་གྲོང་མི་ཡིས་དམག་མིའི་འཕྲལ་སྡོམ་དཔུང་ཁག་དང་འགྲིམ་འགྲུལ་སྐྱེལ་འདྲེན་དཔུང་ཁག་གི་བསམ་པའི་རྣམ་པ་བཟང་པོ་གང་ལེགས་མངོན་པ་བྱས་ཡོད་པ་རེད།
གྲོས་ཚོགས་ཀྱིས་བསྟན་དོན། དུས་རབས་གསར་པའི་རྐང་འཛིན་སྡེ་དམག་ཅིག་ཡིན་པའི་ངོས་ནས་བྱང་ཆུབ་པའི་ངང་རྒྱལ་སྲུང་བྱ་གཞག་ལ་དགའ་ཞེན་བྱེད་པའི་སྣེ་ཁྲིད་དགོས་པ་དང་། ཉམས་སད་ཐེག་ཐུབ་པའི་ལས་ཀའི་སྤྱོད་ཚུལ་རྒྱུན་འཁྱོངས་དང་། དཀའ་ངལ་དང་ཉེན་ཁ་ཆེ་བའི་ལས་འགན་སྒྲུབ་པར་སྣེ་ཁྲིད་བྱ་དགོས། བརྩི་སྲུང་ནན་པོ་བྱས་ཏེ། སྣེ་ཁྲིད་ནས་་ཁྲིམས་ཤེས་ཁྲིམས་སྲུང་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་གི་བཀོད་འདོམས་ལ་ཉན་པའི་ལྷག་བསམ་རྣམ་དག་གི་དཔུང་སྡེ་ཞིག་བྱེད་དགོས་པ་དང་། སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་རྔམ་བརྗིད་ལྡན་པའི་དགེ་རྒན་ཞིག་བྱེད་དགོས། སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་ཁྲིམས་ནན་སྲུང་གི་ཡ་རབས་ཚུལ་ལྡན་གྱི་དགེ་རྒན་ཞིག་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
འཇམ་དབྱངས་ལྷ་མོ།
༤.ཡུས་ཧྲུའུ་ཁུལ་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱི་ལས་སྒོའི་རྐང་འཛིན་པ་གསོ་སྦྱོང་དང་ཁུལ་ཡོངས་ཀྱི་༢༠༡༩ལོའི་མཉེན་ཆས་པར་གཞི་དག་མ་སྐུལ་སྤེལ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་རེད།
༼ནང་དོན་དངོས།༽སྤྱི་ཟླ་༨ཚེས་༢༢ཉིན་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱི་ལས་སྒོའི་རྐང་འཛིན་པ་གསོ་སྦྱོང་དང་ཁུལ་ཡོངས་ཀྱི་༢༠༡༩ལོའི་མཉེན་ཆས་པར་གཞི་དག་མ་སྐུལ་སྤེལ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། ཞིང་ཆེན་པར་དབང་ཅུས་ཀྱི་ལས་མི་གཞོན་པ་ཧྥུའུ་ཁྲེང་ཅི་གདན་དྲངས་ནས་སློབ་ཁྲིད་བྱས་ཤིང་། ངོས་འཛིན་མཐོར་འདེགས་དང་འགན་འཁྲི་ཆེ་རུ་གཏོང་བར་དམིགས་ཏེ་མཉེན་ཆས་པར་གཞི་དག་མ་སྐུལ་སྤེལ་བྱེད་པའི་ལས་དོན་གྱི་དོན་སྙིང་གལ་ཆེན་ནན་ཏན་ངང་བསྒྲུབས་དགོས་པ་སོགས་ཕྱོགས་བཞི་ནས་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་གི་དམིགས་ཡུལ་ནི་ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གི་མཉེན་ཆས་པར་གཞི་དག་མ་སྐུལ་སྤེལ་བྱེད་པའི་ལས་ཀའི་སྲིད་ཇུས་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། མཉེན་ཆས་པར་གཞི་ངོ་མ་ཅན་གྱི་ལས་ཀའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ལམ་ལུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། ཕུགས་ཕན་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་རང་ཁུལ་གྱི་མཉེན་ཆས་པར་གཞི་ངོ་མ་ཅན་གྱི་ལས་དོན་ཚད་ལྡན་ཅན་དང་། རྒྱུན་རྣམ་ཅན། ལམ་ལུགས་ཅན་དང་ཆ་འཕྲིན་ཅན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད།
ཡིག་སྒྱུར་བ། ལྷ་འབྲུག
༥.ཡུས་ཧྲུའུ་གཙང་གསུམ་འབྱུང་ཁུངས་ཐོག་དང་པོའི་ཀྲུང་ཧྭ་མི་རིགས་ཁྱིམ་མི་ལྷན་འཛོམས་པར་ལེན་དུས་ཆེན་དང་ཐོག་དང་པོའི་གོ་ལ་ཧྲིལ་བོའི་གྲོགས་མོ་རང་གཏོང་མཉམ་འདུས་འགྲན་བསྡུར་གྱི་བྱ་འགུལ།
༼ནང་དོན་དངོས།༽ སྤྱི་ཟླ་༨་ཚེས་༢༠་ཉིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་༧༠་འཁོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་༧༠་འཁོར་བ་ལེགས་སྐྱེས་ཕུལ་བ་ལ་ཀྲུའུ་གོའི་མཚོ་སྔོན་ཡུས་ཧྲུའུ་གཙང་གསུམ་འབྱུང་ཁུངས་ཐོག་དང་པོའི་ཀྲུང་ཧྭ་མི་རིགས་ཁྱིམ་མི་ལྷན་འཛོམས་པར་ལེན་དུས་ཆེན་དང་ཐོག་དང་པོའི་གོ་ལ་ཧྲིལ་བོའི་གྲོགས་མོ་རང་གཏོང་མཉམ་འདུས་འགྲན་བསྡུར་གྱི་མགོ་ཚུགས་མཛད་སྒོ་དེ་ཡུས་ཧྲུའུ་ནས་སྤེལ་བ་རེད། ཀྲུང་གོ་GD་བུད་མེད་རླངས་འཁོར་རུ་དཔུང་གི་རུ་མི་རྣམསཡུས་ཧྲུའུ་ལ་ཡོང་ནས་སྐྱེ་ཁམས་མྱོང་ཚོར། ཁོར་སྲུང་སློབ་གསོ། སྤྱི་ཕན་བྱ་སྤྱོད་ཀྱི་བྱ་བ་སྤེལ་ནས། ཡུས་ཧྲུའུ་རིག་གནས་ཐོན་ཁུངས་དྲིལ་བསྒྲགས་བྱས་པ་དང་། ཡུས་ཧྲུའུ་རང་གཏོང་གཡེམ་སྐྱེད་སྐུལ་འདེད་བྱེད་པ། ཡུས་ཧྲུའུ་རིག་གནས་ཡུལ་སྐོར་ལ་རྒྱབ་སྐྱོར་བཅས་བྱེད་དགོས་པ་སྟོན་ཡོད།
ཀྲུང་གོ་GD་བུད་མེད་རླངས་འཁོར་རུ་དཔུང་གི་རུ་གཙོ་ཡིས་བསྟན་དོན། ད་ཐེངས་ཀྱི་སྤྱི་ཕན་འགུལ་སྤྱོད་GD་རླངས་འཁོར་རུ་དཔུང་གིས་རྒྱལ་ཡོངས་ས་གནས་སོ་སོའི་ཕུལ་བྱུང་བུད་མེད་རླངས་འཁོར་བ་དང་ཀོས་ཀྲུའུ་གྲངས་ཉུང་མི་རིགས་བཅས་མཉམ་དུ་དག་གཙང་ཡུས་ཧྲུའུ་ལ་འཛོམ་ནས་ས་གནས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་བརྗེ་རེས་བྱ་བ་སྐུལ་འདེད་བྱས་པ་མ་ཟད་ཚང་མ་བྱ་འགུལ་དུ་ཞུགས་པ་དང་བུད་མེད་རླངས་འཁོར་པ་ལ་ཐུགས་ཁུར་བྱེད་པ་བཅས་སྐུལ་འདེད་བྱས་ཡོད་པ་རེད།
མགོ་ཚུགས་མཛད་སྒོའི་སྟེང་ནས། ཀྲུང་གོའི་GD་བུད་མེད་རླངས་འཁོར་རུ་དཔུང་གི་རུ་མི་ཡིས་ད་དུང་དྭ་ཕྲུགས་སློབ་གྲྭའི་བྱིས་པ་རྣམས་ལ་དཔེ་ཆ་སོགས་དངོས་རྫས་ཞལ་འདེབས་ཕུལ་བ་རེད།
བསྟན་འཛིན་ཆོས་དབང་།
༦. ཡུས་ཧྲུའུ་གྲོང་ཁྱེར་གཅེས་གཡང་བྱིས་སྐྱོང་ཁང་གིས་གསར་བརྗེའི་གླུ་ལེན་བྱ་འགུལ་སྤེལ་བ་རེད།
༼ནང་དོན་དངོས།༽ ཉེ་ཆར།ཡུས་ཧྲུའུ་གྲོང་ཁྱེར་གཅེས་གཡང་བྱིས་སྐྱོང་ཁང་གིས་གསར་བརྗེའི་གླུ་ལེན་བྱ་འགུལ་སྤེལ་ཞིང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༧༠་འཁོར་བ་དང་། མཚོ་སྔོན་བཅིངས་གྲོལ་བཏང་ནས་ལོ་༧༠་འཁོར་བ་ལ་དགའ་བསུ་ཞུས་ཤིང་།བྱ་འགུལ་སྟེང་ནས། བྱིས་པ་རྣམས་ཀྱིས་སྙན་འཇེབས་ཀྱི་ངག་རྟ་ཡིས་མི་སེམས་འགུག་པའི་གླུ་དབྱངས་བླངས་ཤིང་། ཏང་ལ་བསྟོད་གླུ་འབུལ་བ་དང་། མེས་རྒྱལ་ལ་བསྟོད་གླུ་འབུལ་བ། མི་དམངས་ལ་བསྟོད་གླུ་འབུལ་བ། དཔའ་བོ་ལ་བསྟོད་གླུ་འབུལ་བ་བཅས་བྱས་ནས་མེས་རྒྱལ་ལ་དགའ་བ་དང་ཡར་བརྩོན་གྱི་སྙིང་སྟོབས་མངོན་པ་བྱས་ཡོད།
ད་ཐེངས་ཀྱི་བྱ་འགུལ་ཁྲོད་ནས། བྱིས་པ་རྣམས་ལ་རང་ཉིད་ཀྱི་ནུས་པ་མངོན་པ་དང་། རང་ཉིད་སྦྱོང་བརྡར་བྱེད་པའི་གོ་སྐབས་ཤིག་སྤྲོད་ཡོད་ལ། བྱ་འགུལ་འདི་འདྲའི་རྣམ་པ་དང་བརྒྱུད་ནས་བྱིས་པ་རྣམས་ལ་སྔར་བས་སློབ་གྲྭ་ལ་དགའ་བ་དང་། ཁྱིམ་ལ་དགའ་བ། རྒྱལ་ཁབ་ལ་དགའ་བ་བྱས་ཡོད་པ་རེད།
བསྟན་འཛིན་ཆོས་དབང་།
玉树

